Tibetan Works Research Project of the Shin Buddhist Comprehensive Research Institute, Otani University

チベット語訳『大唐西域記』

チベット語訳『大唐西域記』

このページでは、18世紀の翻訳師クン・ゴンポキャプ(གུང་མགོན་པོ་སྐྱབས་)訳『大唐西域記』の電子化テキストをダウンロードすることができます。

提供される電子テキストのテキストコードはUnicodeです。閲覧にはUnicodeに対応したチベット文字フォントが必要です。

入力の底本は、大谷大学図書館所蔵の写本(no. 12459)です。この写本は「大谷大学所蔵西蔵蔵外文献叢書」の第1冊目として1988年に臨川書店から、佐々木教悟・大谷大学名誉教授による解題を付して影印出版されました。今回入力に際し、影印版で判読困難な箇所については、直接現物に当たって入力をおこないました。

利用の便を考えて、底本とした写本のページ番号と行数を[]内に、写本の行間に見られる註を()内に、それぞれ示しました。


テキスト/Text

[1b1]༄༅༅། །ན་མོ་གུ་རུ་མཉྫུ་ཤྲཱི་ཡེ། རྒྱ་ནག་སྐད་དུ། ཏཱ་ཐང་སིའི་ཡུས་ཀྱིས། བོད་སྐད་དུ། ཆེན་པོ་ཐང་གུར་དུས་ཀྱི་[1b2]རྒྱ་གར་ཞིང་གི་བཀོད་པའི་ཀར་ཆག། སྟོན་པ་བླ་ན་མེད་པ་བཅོམ་ལྡན་འདུས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །སྔོན་ནི། སངས་རྒྱས་སྟོང་གི་[1b3]ཞབས་ཀྱི་བཅགས་པ་ཡི། །རྒྱ་གར་འཕགས་པའི་ཡུལ་ལ་ཆེན་པོ་ལགས། །དེ་དག་སོ་སོའི་ཆར་གཏོགས་མི་གཏོང་དང་། །ལམ་གྱི་ཡུལ་[1b4]དང་ཉེ་བར་མཐོང་བའི་ཡུལ། །ལ་སོགས་ཡུལ་གྲུ་ཆེ་ཆུང་བརྒྱ་ལྔ་བཅུའི། །ཡུལ་ལུགས་ས་ཚིགས་གྲུབ་ཚུལ་ལ་སོགས་པའི། །བཀོད་པ་[1b5]ཐང་དུས་ཡིག་ཚང་རྙིང་པོ་དག །བསྔུས་ཏེ་ལོ་ཆེན་སྡེ་སྣོད་གསུམ་འཛིན་པ། །ཐེག་ཆེན་ལྷ་ཡིས་རྒྱ་ནག་སྐད་དུ་བརྩམས། །བམ་པོ་བཅུ་[2a1]ཕྲག་གཅིག་བྱུང་ཕལ་ཆེ་བའི། །དོན་རྣམས་བསྔུས་ནས་ཇི་ལྟར་ནུས་བཞིན་དུ། །བོད་ཀྱི་ཡི་གེར་བྲིབ་འདི་བཞིན་[2a2]ནོ༈ ༈དེ་ཡང་སྦྱིར་མི་འཇིད་འཇིག་རྟེན་གྱི་ཁམས་དང་། བྱེ་བྲག་ཏུ་གླིང་བཞི་པའི་འཇེག་རྟེན། ཡང་སྒོས་འཛམ་བུ་གླིང་གི་བཀོད་པ་རགས་རིམ་དང་།[2a3]གསེར་དངུལ་ཟངས་ལྕགས་ཀྱི་འཁོར་ལོས་བསྒྱུར་བ་རྣམ་པ་བཞི་བྱུང་བ་དང་འབྱུང་འགྱུར་སོགས་བསྟན་པ་རྣམས་ནི་ཡོངས་སུ་གྲགས་པའི་ཆོས་མངོན་[2a4]པ་ལྟར་ལ། འདིར་ནི་འཕགས་པའི་ཡུལ་དངོས་དང་དེའི་ཆར་གཏོགས་པ་རྣམས་སུ་ཐང་ཟིགས་བླ་མ་དངོས་ཀྱིས་སླེབས་པ་དང་། ལམ་གྱི་ཉེ་འཁོར་[2a5]དུ་གནས་པའི་ཡུལ་གྲུ་ཆེ་ལོངས་དག་བཤད་པ་ལ། འཇིག་རྟེན་འདིར་འཁོར་ལོས་བསྒྱུར་རྒྱལ་མི་འབྱུང་བ་ན། ཛམ་བུ་གླིང་འདིར་མི་བདག་ཆེན་པོ་[2b1]བཞི་བྱོན་པར་གྲགས་སྟེ། གླིང་གི་ལྷོའི་ཆར་རླན་གཤེར་ཆེ་བའི་གནས་སུ་གླང་པོ་ཆེའི་ཁྱུ་མང་ཞིང་དེ་ལ་ལོངས་སྤྱོད་པས་གླང་པོ་ཆེའི་བདག་པོ་ཞེས་བྱ་བ་དང་གཅིག། ནུབ་ཀྱི་ཆར་རྒྱ་མཚོ་དང་ཉེ་ཞིང་རིན་པོ་ཆེའི་རིགས་མང་པོ་[2b2]འབྱུང་བས་རིན་པོ་ཆེའི་བདག་པོ་ཞེས་བྱ་བ་དང་གཉིས། བྱང་གི་ཆར་གྲང་ལྷགས་ཆེ་བའི་ཡུལ་དུ་རྟ་མང་ཞིང་གཙོ་བོར་རྟ་ལ་ལོངས་སྤྱོད་པས་རྟའི་བདག་པོ་ཞེས་བྱ་བ་དང་གསུམ། ཤར་ཕྱོགས་སུ་མི་ཆོས་དར་ལོ་ཆེ་[2b3]ཞིང་ཞིབ་ལ་མི་མང་པོ་འདུས་པས་མིའི་བདག་པོ་ཞེས་གྲགས་པ་དང་བཞིའོ། །དེ་དག་རིམ་པ་ལྟར་རྒྱ་གར་ཆོས་ཀྱི་རྒྱལ་པོ། རིགས་ལྡན་ནོར་གྱི་རྒྱལ་པོ། སྟག་ཟིག་ཧོར་གྱི་རྒྱལ་པོ། རྒྱ་ནག་ཁྲིམས་ཀྱི་[2b4]རྒྱལ་པོ་ཡང་ཟེར་ཏེ། ཇི་སྐད་དུ་ཐང་ཡིག་ལས། འཇིག་རྟེན་ཆོས་ལུགས་རྣམ་གཉིས་སྟེ༔ འཇིག་རྟེན་ཐེག་དང་མུ་སྟེགས་ཐེག༔ འཇིག་རྟེན་ལྷ་མིའི་ཐེག་པ་དང་༔ མུ་སྟེགས་ཕྱི་པ་ནང་བའོ༔ ཞེས་[2b5]གསུངས་པས། ཆོས་ལུགས་རགས་རིམ་སྨོས་ན། དགྲ་འདུལ་གཉེན་སྐྱོང་སོགས་འཇིག་རྟེན་ཆོས་བརྒྱད་དང་འབྲེལ་ཞིང་། སྲིད་སྲུང་གཙོ་ཆེ་ལ་ཐར་པ་ལ་བློ་ཁ་མ་ཕྱོགས་པའི་སྤྱོད་པ་ལ་འཇིག་རྟེན་ཆོས་ལུགས་[2b6]ཟེར་བ་དང་གཅིག་ཤོས་ཡིད་བརྟན་མི་རུང་བ་དང་རུང་བ་ཇི་སྙེད་ཀྱང་གཙོ་ཆེར་ཐར་པ་དོན་དུ་གཉེར་ཞིང་། དེའི་དབར་དུ་བྱས་པའི་སྤྱོད་པ་ལ་ལྷ་ཆོས་སུ་གྲགས་སོ། དེ་ཡང་རྒྱ་གར་པའི་རང་བཞིན་ནམ་དང་རྒྱུད་ནི་ཕལ་[2b7]ཆེར་དཔའ་རྩལ་རྟུལ་ཕོད་ཆེ་བས་སློབ་གཉེར་ལ་སྡུག་སྲན་ཐུབ་པ། ལྷ་ཆོས་ལ་དགའ་བ། ཆ་ལུགས་སྐ་རགས་ཞེང་ཆེན་བཅིངས་ཤིང་དསུང་བ་གཡས་པ་གཅེར་བུར་ཕྱུང་བ། སྐྲ་སྤྱི་བོར་བཅིངས་ཤིང་ལྷག་[3a1]མ་ལན་བུར་འཕྱང་བ། ཁ་སྤུ་འཐུག་པ། མི་རང་རང་གི་རིགས་ཀྱིས་བསྔུས་ནས་གྲོང་དང་གྲོང་ཁྱེར་དུ་བོང་པོའི་ཁང་པ་ཁང་བརྩེགས་རྣམས་སུ་སྡོད་པའོ། །རིགས་སྡན་གྱི་[3a2]མི་རྣམས་ནི། ཚུལ་ལུགས་ལ་ཇི་མི་སྙམ་པ་མཛེས་ཆོས་ཆུང་བ། ངང་ཚུལ་ཧ་ལམ་གྱོང་པོ་ནོར་ལ་བཙིགས་སུ་ཆེ་བ་སྐྲ་བྲེག་ཞིང་སྨ་ར་རིང་བ། གོས་འཁྲུན་ཐུང་ལ་ཐུབ་སྟེང་མ་གཡོན་དུ་བསྣོལ་བ།[3a3]མཁར་རྫོང་རྣམས་སུ་བརྩིགས་པའི་ཁང་པར་སྡོད་པའོ། །

………..このテキストをダウンロードする

PAGETOP
Powered by WordPress & BizVektor Theme by Vektor,Inc. technology.